སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསང་ཆེན་རྒྱུད་སྟོད་གྲྭ་ཚང་དུ་ཆོ་རྭ་དབུ་འབྱེད་གནང་པ་དང་འབྲེལ་མཁན་བླ་འདུས་མང་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཤིང་། ༧གོང་ས་མཆོག་ལ་རྒྱུད་སྟོད་གྲྭ་ཚང་གི་མཁན་ཆེན་རྡོ་རྗེ་འཆང་ཆེན་མོར་མངའ་གསོལ་ཞུས་འདུག
དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཆོས་རྭ་གསར་པ་དབུ་འབྱེད་དང་རབ་གནས་སྩལ་ཆེད། ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་དངོས་སུ་བཞུགས་སྒར་གྱི་ཉེ་འདབས་སུ་ཆགས་པའི་རྒྱུ་སྟོད་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཅིང་། དེ་དང་བསྟུན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་མཁན་བླ་འདུས་མང་ཡོངས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་སྦྲགས། མགོན་པོ་མཆོག་རྒྱུད་སྟོད་གྲྭ་ཚང་གི་མཁན་ཆེན་རྡོ་རྗེ་འཆང་ཆེན་མོར་མངའ་གསོལ་མཛད་སོང་།

རྒྱུད་སྟོད་གྲྭ་ཚང་གི་༧སྐུའི་གོ་སྟོན་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དགེ་བཤེས་སྔགས་རམས་པ་བློ་བཟང་ཀླུ་སྒྲུབ་ལགས་ཀྱིས། རྒྱུད་སྟོད་དགོན་པ་ཕྱག་བཏབ་མཁན་རྗེ་བཙུན་ཀུན་དགའ་དོན་གྲུབ་མཆོག་ནི་རྒྱལ་མཆོག་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་ཀྱི་སློབ་མ་ཆགས་ཀྱི་ཡོད་པས་འགོ་བཙུགས་དུས་ནས་གནད་འགག་ཅན་ཞིག་ཆགས་ཡོད་ལ། ལྷག་པར་དུ་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐབས་དམིགས་བསལ་རྒྱུད་སྟོད་གྲྭ་ཚང་གི་བསླབ་པ་སློབ་གཉེར་ཐད་གཟིགས་སྐྱོང་རྒྱ་ཆེ་གནང་བ་སོགས། མདོར་ན་༧སྐྱབས་མགོན་ཡིད་བཞིན་ནོར་བུའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ཡིན་དུས་ཐེངས་འདིར་དགོན་པའི་ངོས་ནས་མཁན་ཆེན་རྡོ་རྗེ་འཆང་གི་མཚན་གནས་ཕུལ་ཞིང་། རྒྱུད་སྟོད་གྲྭ་ཚང་གི་བཤད་སྒྲུབ་འཆད་ཉན་ཐོག་ལོ་རྒྱུས་ནང་ཁ་བྲལ་ཐབས་མེད་པའི་དམ་ཚིག་དང་རླབས་ཆེན་གྱི་བཀའ་དྲིན་ཆེན་པོ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཐེངས་འདིར་རྒྱུད་སྟོད་གྲྭ་ཚང་གིས་༧སྐུའི་གོ་སྟོན་བརྟན་བཞུགས་ཀྱི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་སུ། ༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་ཆེད་རྒྱུད་སྟོད་ར་མོ་ཆེའི་རྟེན་གཙོ་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་བརྙན་ཞིག་རྟེན་འབྲེལ་གྱི་ཚུལ་དུ་ཕུལ་ཞིང་། རྒྱུད་སྟོད་གྲྭ་ཚང་ཕྱག་འདེབས་པ་པོ་དང་མཁན་ཐོག་དང་པོ་རྗེ་བཙུན་ཀུན་དགའ་དོན་གྲུབ་ཀྱི་སྣང་བརྙན་ཞིག་ཕུལ་ཏེ། རྒྱུད་སྟོད་གྲྭ་ཚང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཁན་ཆེན་རྡོ་རྗེ་འཆང་ཆེན་མོར་མངའ་གསོལ་ཞུས་ཡོད་པ་རེད།
གཞན་ཡང་ཐེངས་འདིར་བརྟན་བཞུགས་ཀྱི་འབུལ་མཚན་དུ་རྗེ་ཚེ་འཛིན་མ་དང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་སྐུ་ ༡༣༢ སོགས་ཕུལ་ཞིང་། དེ་ཡང་རྗེ་ཙོང་ཁ་པའི་སྐུ་ ༡༣༢ ཀྱི་མཚོན་དོན་ནི། བར་ལམ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་བརྒྱ་དང་སོ་གྲངས་བཞུགས་རྒྱུ་ཡིན་པ་བཀའ་བཞེས་སྨིན་སྩོལ་བྱུང་བ་དང་། གྲྭ་ཚང་གི་གསང་བ་བསྡུས་པའི་ལྷ་ ༣༢ མཚོན་པའི་རྟེན་འབྲེལ་མཚོན་ཆེད་དུ་ཡིན་འདུག
རྩ་བའི་ཕྱི་ལོ་ ༢༠༡༩ ཟླ་ ༡༡ པའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ལ་རྗེ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་རྫོགས་ནས་ལོ་ ༦༠༠ འཁོར་བ་དང་། རྗེ་བཙུན་ཀུན་དགའ་དོན་གྲུབ་མཆོག་འཁྲུངས་ནས་ལོ་ ༦༠༠ འཁོར་བའི་རྗེས་དྲན་གྱི་བགྲོ་གླེང་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་ཅིང་། ཐེངས་འདིར་ཆིབས་བསྒྱུར་བསྐྱངས་པ་དེ་ནི་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལོ་ངོ་ ༧ རྗེས་སུ་རྒྱུད་སྟོད་དུ་ཆིབས་བསྒྱུར་བསྐྱངས་བ་ཞིག་ཆགས་ཀྱི་འདུག་ལ། ༧གོང་ས་མཆོག་རྒྱུད་སྟོད་གྲྭ་ཚང་དུ་ཆིབས་བསྒྱུར་སྐབས་ཕྱི་ནང་གི་དད་ལྡན་པ་སེར་སྐྱ་ཕོ་མོ་སྟོང་ཕྲག་ཁ་ཤས་ཀྱིས་ཕེབས་ལམ་དང་གྲྭ་ཚང་དུ་༧སྐུའི་ཞལ་མཇལ་ཞུ་བར་བཅར་འདུག
གཞན་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༡༢ པའི་འགོ་སྟོད་དུ་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར་བསྐྱང་སྟེ། ༢༠༢༧ ཟླ་ ༡ པོའི་ཟླ་མཇུག་བར་ཁུལ་དེར་སྐུ་བཞུགས་མཛད་རྒྱུ་ཡིན་པའི་སྐབས་འདིར། ཟླ་ ༡༢ ཚེས་ ༧ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནང་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཞབས་སོར་འཁོད་རྒྱུ་དང་། རིམ་པས་༧གོང་ས་མཆོག་ལ་ཟླ་ ༡༢ ཚེས་ ༢༠ ཉིན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཆིབས་བསྒྱུར་མཛད་དེ་མགོན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཟླ་ ༡ ཚེས་ ༢༠ ཉིན་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ། དེ་ནས་བྱེས་ཀྱི་གདན་ས་སེ་ར་ཐེག་ཆེན་གླིང་དུའང་བརྟན་བཞུགས་བསྟར་འབུལ་བཅས་ཀྱི་མཛད་འཆར་ཡོད་པ་རེད་འདུག
པར་ལེན་དང་བརྙན་པར་ཕྱོགས་སྒྲིག་པ། བསྟན་འཛིན་དོན་ཡོད།
